当前位置: 首页 > 文学创作 > བོད་མིའི་གྱོན་ཆས་ཀྱི་བྱེ་བྲག་སློག་པ་ཅུང་ཙམ་གླེང་བ།

བོད་མིའི་གྱོན་ཆས་ཀྱི་བྱེ་བྲག་སློག་པ་ཅུང་ཙམ་གླེང་བ།

2017年12月26日 10:10:02 来源:原创 访问量:390 作者:叶

བོད་མིའི་གྱོན་ཆས་ཀྱི་བྱེ་བྲག་སློག་པ་ཅུང་ཙམ་གླེང་བ

                   ཡི་དམ་ཚེ་རིང་།

 

[ནང་དོན་གནད་བསྡུས]  གྱོན་ཆས་ནི་མིའི་རིགས་ཀྱི་འཚོ་བའི་གསར་ཐོན་དངོས་པོ་ཞིག་ཡིན་ཞིང། ཁོར་ཡུག་དང་ནམ་གཤིས་མི་འདྲ་བའི་འོག་ནས་མིའི་གྱོན་པ་ཆ་ལུགས་ཀྱང་ཐ་དད་ཡིན། བོད་མི་རིགས་ལ་མཚོན་ན་སློག་པ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ས་གནས་རིག་གནས་ཀྱི་བཅུད་འདུས་པའི་ཡབ་མེས་དག་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཁྱད་ནོར་ཞིག་ཡིན།

[བརྡ་ཆད་གཙོ་བོ]  སློག་པ    ཤེས་རིག     ཁྱད་ནོར།

 

སྤྱིར་གྱོན་ཆས་ནི་མིའི་རིགས་དུས་ཡུན་རིང་བོ་ཞིག་ལ་རང་བྱུང་ཁམས་དང་འཐབ་རྩོད་རྒྱུན་མ་ཆད་པ་བྱས་པའི་སྤྱི་ཚོགས་ཀྱི་ཐོན་དངོས་གལ་ཆེན་ཞིག་ཡིན་ལ་རིག་གནས་ཀྱི་མཚོན་རྟགས་ཐུན་མོང་མ་ཡིན་པ་ཞིག་ཀྱང་ཡིན། དེ་བས་མི་རིགས་གང་ཞིག་རིག་གནས་ཅི་འདྲ་བ་ཞིག་ཡོད་མེད་ལ་ངོས་འཛིན་ཟབ་མོ་ཞིག་བྱེད་དགོས་ན་ཐོག་མར་མི་རིགས་དེའི་ལོ་རྒྱུས་ཀྱི་ཐོན་དངོས་ལ་རྟགས་དཔྱད་ནན་མོ་བྱ་དགོས། ཉེ་སྔོན་བོད་མི་རིགས་ཀྱི་རིག་གཞུང་ཞིབ་འཇུག་གི་ཁྱབ་ཁོངས་སུ་རྩོམ་རིག་དངསྐད་ཆ། ཆོས་ལུགས། སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱས་ཏེ་ཚད་ངེས་ཅན་ཞིག་ལ་ཐོན་ཡོད་མོད། འོན་ཀྱང་བོད་ཀྱི་གྱོན་གོས་གྱི་ཕྱོགས་ལ་ཞིབ་འཇུག་གནང་པ་ནི་ཧ་ཅང་ཉུང། འདིར་བོད་མི་རིགས་ཀྱི་གདོད་མའི་འོད་སྟོང་འབར་བའི་གྱོན་ཆས་ཀྱི་བྱེ་བྲག་སློག་པ་ལ་ཙུང་ཙམ་གླེང་བར་བྱའོ

དང་པོ། སློག་པ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས།

རང་རེའི་བོད་ཀྱི་བརྡ་སྤྲོད་པའི་གཞུང་དུ་མིང་ལ་དབྱེ་ན་འདོད་རྒྱལ་དང་རྗེས་གྲུབ་གཉིས་དང་། སོ་སོར་ཡང་དངོས་མིང་དང་བཏགས་མིང་གཉིས་སུ་དབྱེའོ། འདོད་རྒྱལ་གྱི་དངོས་མིང་ནི། དངོས་པོ་གང་ཞིག་གང་ཟག་གིས་ཐོག་མར་ངོས་འཛིན་ཚེ། རྒྱུ་མཚན་མེད་པར་བརྡ་ཞིག་སྦྱར་བ་དེའི་མིང་དུ་ཆགས་པ་འདོད་པ་ལྟར་རྒྱལ་པར་གྱུར་པས་དེ་སྐད་གྲགས་སོ། དཔེར་ན།  ཉི་མ་དང་། རི་བོ།  བྱ།  མཚོལྟ་བུ་སོགས་སྒྲ་བཤད་མེད། རྗེས་གྲུབ་གྱི་མིང་ནི་འདོད་རྒྱལ་གྱི་མིང་གང་ཞིག་ལ་འབྲེལ་ཡོད་ཀྱི་མིང་ངམ་སྒྲ་ཞིག་སྦྱར་ནས། ཆོས་གཞན་ཞིག་སྟོན་པའི་བརྡར་གྱུར་པ་སྟེ།① དཔེར་ན། ལྷ་ཁང་། དགེ་རྒན། གསེར་བུམལྟ་བུ་སོགས་སོ།  སློག་པ་ཞེས་པའི་ཐ་སྙད་འདི་ནི་རྗེས་གྲུབ་གྱི་མིང་ཡིན་པར་སེམས། འདི་ལ་ནང་དོན་གཉིས་ཡོད་དེ། གཅིག་ནི་ར་ལུག་གི་པགས་པའི་བཟོས་པའི་ལྭ་བ་ལ་སློག་པའམ་ཡང་ན་སླག་པའང་ཟེར། ཚིག་བསྡུས་ན་སླག་ཅེས་འབྲི་ཆོག་སྟེ། ར་ལྤགས་ཀྱི་ལྭ་བ་ལ་ར་སླག་ལྟ་བུ། ད་དུང་སློག་པ་ལ་རྩག་པའང་ཟེར་བའི་འབོད་སྲོལ་ཨ་མདོའི་ཡུལ་དུ་དར་ཁྱབ་ཧ་ཅང་ཆེ། ཅིག་ཤོས་ནི་ཕྱི་ནང་སྟེང་འོག་གོ་ལྡོག་པའི་དོན་ཡིན། དཔེར་ན། ལྭ་བ་ཕྱི་ནང་མ་སློག་པར་གྱོན། སྡོང་བོ་མགོ་མཇུག་མ་སློག་ལྟ་བུ། བྱེད་འབྲེལ་ལས་ཚིག་སློག་པ་འདི་ལ་ཞིབ་མོ་བསམ་བློ་རེ་བཏང་ན་ར་ལུག་སོགས་ཀྱི་པགས་པ་ཕྱིས་ནས་འགྲོ་བ་མིའི་ལུས་སྟེང་ལ་གྱོན་པའི་ཚེ་ན་ཅི་ལྟར་ར་ལུག་གི་རྒྱབ་ན་ཡོད་པ་ཇི་བཞིན་མི་གྱོན་པར་དེ་ལས་ལྡོག་ཏེ་ཕྱི་ནང་སློག་ནས་གྱོན་དགོས་པས་ན་སློག་པ་ཞེས་པའི་མིང་འདི་བྱུང་བ་རེད་སྙམ་མོ ། །  

གཉིས་པ། སློག་པའི་བྱུང་འཕེལ་གྱི་ལོ་རྒྱུས། 

རང་རེའི་མེས་པོ་རྣམས་ནི་ཕ་སྤྲེའུ་དང་མ་བྲག་སྲིན་མོ་གཉིས་ལས་ཆད་ཀྱང་འགྲོ་བ་མི་དང་སྲོག་ཆགས་གང་ཞིག་ཡིན་རུང་ནང་གི་བཟའ་བཏུང་འཛོམས་པོ་དང་ཕྱིའི་ཁོར་ཡུག་ལེགས་པོ་ཞིག་ལ་བརྟེན་དགོས་པས། གནའ་ནས་ད་ལྟའི་བར་དུ་གནས་གང་དུ་གཞིས་སྡོད་བྱེད་སྐབས་ཐོག་མར་བཀོད་པ་བདེ་ཞིང་སྙོམས་པ། རང་བྱུང་གི་འཇིགས་པ་ལས་བཟློག་སླ་བ། རྩྭ་ཆུ་འཛོམས་ཞིང་འགྲོ་བདེ་ཡིན་པའི་ཡུལ་ལེགས་ཤོས་ཤིག་བཙལ་རྒྱུ་ནི་འགྲོ་བ་མིའི་ཉམས་མྱོང་གིས་གྲུབ་པའི་ཤེས་རིག་ཡིན། རང་རེའི་མེས་པོ་རྣམས་ཀྱང་སྔོན་གྱི་དུས་ན་ནགས་མ་བྱ་ཚོགས་ཅན་ཞེས་པའི་ཡུལ་ཧ་ཅང་མཛེས་སྡུག་ལྡན་པ། རི་ཆུ་ནགས་གསུམ་གྱིས་ཀུན་ནས་བསྐོར་བ། རང་བྱུང་གི་རྩྭ་རྩི་ཤིང་དང་སིལ་ཏོག་སྣ་ཚོགས་ཀྱིས་ཁེབས་པའི་ས་ཆ་རུ་འཚོ་བ་རོལ་བ། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ། ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། ། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། ། ནགས་ན་རི་དྭགས་ལྟ་བུར་གནས་པ་ཡི། ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་།ཞེས་བྲིས་ཡོད་པ་ལས་རྟོགས་ཐུབ་ཅིང་། གོས་སུ་ཤིང་ལོ་གྱོན་པ་ནས་བཟུང་འཚོ་བའི་ལྟོ་རྒྱབ་གྱི་ཆེད་དུ་ཕྱིའི་སྣོད་ཀྱི་འཇིགས་སྣང་སོགས་ལ་གདོང་གཏུགས་བྱས་ནས་ལོ་རྒྱུས་ཀྱི་དུས་ཡུན་རིང་བོ་ཞིག་འདས་ཏེ། རིམ་བཞིན་ཤེས་རིག་འཕེལ་ཞིང་ལུསསྟོབས་རྒྱས། རི་དྭགས་རྔན་ཏེ་འཚོ་བ་རོལ་བ་ནི་གསར་གཏོད་ཆེན་པོ་ཞིག་ཡིན།  དུས་དེ་ནས་བཟུང་ཁ་ལ་རི་དྭགས་ཀྱི་ཤ་ཟ་བ། ལུས་ལ་ལྤགས་པའི་གོས་གྱོན་པའི་གོ་ཚུགས།  འགྲོ་བ་མིས་ཐོག་མ་ཉིད་ནས་གོས་གྱོན་པ་ལ་ཡང་བཤད་ཚུལ་མི་འདྲ་བ་གསུམ་ཡོད། མིའི་གླད་ཤུགས་རྒྱས་པ་དང་མཉམ་དུ་བསམ་བློའི་གོ་རྟོགས་མཐོན་པོར་སོང་སྟེ་ལུས་ཀྱི་སྐྱེ་སྒོ་དག་གཞན་ལ་མི་མངོན་པར་ངོ་ཚ་སྲུང་བའི་ཕྱིར་དུ་རེད་ཅེས་ཟེར་པ་དང་དང་གཅིག གཉིས་ནི་རང་བྱུང་ཁམས་ཀྱི་གནོད་པ་འགོག་ཅིང། རང་ལུས་སྲུང་བའོ། གསུམ་ནི་མིའི་མཛེས་འཛིན་གྱི་ལྟ་བ་རིམ་གྱིས་འཕེལ་ཏེ་ལུས་གཅེར་བུ་བསྡད་ན་ནི་མི་མཛེས་སྙམ་ནས་གོས་གྱོན་པ་བཅས་སོ། ཡིན་ནའང་མིའི་རིགས་ཀྱི་ཐོག་མའི་བསམ་བློའི་འདུ་ཤེས་ནི་ལྟ་བ་དང་པོ་དེ་ཡིན་དགོས་སྙམ། རྒྱུ་མཚན་ནི་སྔོན་གྱི་རྒྱའི་ལོ་རྒྱུས་དེབ་ཐེར་ནང་གི་པེ་ཅིན་མི་དང་རི་རྩེ་བྲག་ཕུག་གི་མིའི་ལུས་ལ་ཤིང་ལོ་གྱོན་པདང་། གདོད་མའི་མི་དང་དེའི་འཚོ་བ་རོལ་ལུགས་མཚོན་པའི་གློག་བརྙན་ནང་དུའང་ལོ་མ་སོགས་ཀྱིས་འདོམས་མ་གཏོགས་བཏུམ་མེད་པ་སོགས་ཀྱིས་ཤེས་ཐུབ་བོ།

སློག་པ་ནི་བོད་མིའི་ཆེས་ཐོག་མའི་གྱོན་གོས་ཡིན་པས། དེ་ལ་ལོ་རྒྱུས་ཤིན་ཏུ་རིང་། སྤྱི་ལོ་༡༩༧༧ལོར་བོད་ལྗོངས་ཆབ་མདོ་ཁ་རུབ་དང་ལྷ་སའི་ཆུ་གོང་སོགས་ནས་ལོ་ངོ་སྟོང་ལྔ་ལ་ཉེ་བའི་ཕག་དང་། ནོར། ལུག རུས་པའི་རྒྱན་ཆ་མང་པོ་དང་རུས་པའི་ཁབ། ཐག་སྐུད། པགས་རིགས་སོགས་ཀྱི་རྡོ་ཆས་གསེར་བའི་དུས་རབས་ཀྱི་གནའ་རྫས་མང་པོ་རྙེད། སྐབས་དེ་ནས་བཟུང་ཁབ་དང་སྐུད་པ་བཟོ་ཤེས་པའི་ཤེས་རིག་ལ་གཞུར་བྱས་ན། སློག་པ་གྱོན་ཡོད་པསྨོས་མ་དགོས་ལ། ད་ལྟའི་སློག་པ་བཞིན་སྒྲིག་གཞི་ཆ་ཚང་པོ་ཞིག་བཟོ་མི་ཤེས་རུང་སློག་པའི་ཚེམ་བཟོ་བྱས་ནས་ལྭ་བ་ཙམ་པོ་བ་བཟོ་ཤེས་ཡོདཔ་བློ་ཡིས་དཔགས་ཐུབ། འདི་ལྟར་རགས་བརྩིས་བྱས་པ་ལྟར་ན་སློག་་པ་ལ་ལོ་ངོ་སྟོང་ཕྲག་བཞི་ལྔ་ལྷག་གི་ལོ་རྒྱུས་ལྡན་ངེས་ཡིན། ད་ལྟའི་སྒྲིག་གཞི་འཛོམས་པའི་བོད་ལྭ་འདི་ལྟ་བུ་ནི་དུས་ནམ་ཞིག་་དངོས་སུ་གྲུབ་པ་ཁ་ཚོན་གཅོད་དཀའ་པས་བློ་ལྡན་རྣམས་ཀྱི་མུ་མཐུད་དཔྱད་པར་གྱིས།

གསུམ་པ།  བོད་མིའི་སློག་པ་གྱོན་པའི་རྒྱུ་རྐྱེན་དང་སློག་པའི་དབྱེ་བ།

   ཕྱིའི་སྣོད་ཀྱི་ཆགས་ཚུལ་དང་འབྲེལ་བ་དམ་པ། 

དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོནལས། མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ། ། ཀོང་གི་ཆུ་བརླག་ཅེས་བྱའི་ཟོམས་ཕྱེ་བས། ། རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ། །ཆུ་གཞན་དག་ཀྱང་དེ་ལྟར་ཐིམ་པ་ཡིས།། བོད་ཁམས་ཡུལ་གྱི་རྣམ་པ་གསལ་བོར་དོད།།ཅེས་པ་ནི་ད་ལྟའི་ཚན་རིག་དང་ཧ་ཅང་མཐུན་སྟེ། ད་ཕན་ཕལ་ཆེར་ལོ་ངོ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་གི་ཡས་མས་སུ་ཁ་བའི་ལྗོངས་འདི་ད་དུང་ཆུ་གཏེར་ཆེན་པོ་ཞིག་ཡིན་ལ། ལོ་ས་ཡ་གཉིས་དང་འབུམ་ལྔའི་གོང་ཙམ་དུ་ས་བབ་ཁད་ཀྱིས་མཐོ་རུ་ཕྱིན་པས་སྐམ་ས་ཆེན་པོ་འདི་ཆགས། དེའི་རྒྱུ་རྐྱེན་ནི་སའི་གོ་ལའི་འགུལ་སྐྱོད་ཀྱི་དབང་གིས་ཧི་མ་ལ་ཡའི་རི་རྒྱུད་འདི་ཉིད་མཐོ་རུསོང་བས་མདོ་དབུས་མཐོ་སྒང་སྤྱི་དང་ཁྱད་པར་དབུས་གཙང་ས་ཁུལ་སོགས་ཀྱི་རང་བྱུང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བར་ཆགས། ཡུལ་གྲུ་ཆེན་པོ་འདིའི་ཤར་ཕྱོགས་རྒྱ་ནག་དང་། ལྷོ་རྒྱ་གར། ནུབ་པ་ཀི་སི་ཐན། བྱང་དུ་ལི་ཡུལ་རྣམས་ཀྱི་ས་མཚམས་དང་འབྲེལ་ཞིང་། ད་ལྟ་ཆ་སྙོམས་ཀྱི་མཐོ་ཚད་མུས་ཉིས་སྟོང་བརྒྱད་བརྒྱའི་གོང་དུ་སླེབས་ཡོད་ལ། གནས་འདི་ཡི་རི་མཐོ་ལ་ས་གཙང་བ། གྲང་ངར་ཆེ་ལ་དུས་བཞིའི་རྣམ་པ་ཤིན་ཏུ་གསལ། ས་བབ་ཀྱི་ཁྱད་ཆོས་དང་གནམ་གཤིས་ཀྱི་འགྱུར་ལྡོག་དང་མཐུན་པའི་གྱོནགོས་སློག་པ་གྱོན་དགོས་སོ།

༢ བོད་མིའི་འཚོ་བའི་ཐོན་ཁུངས་དང་འབྲེལ་བ་དམ་པ།

བོད་མི་རིགས་ཀྱི་ཐོན་སྐྱེད་གཙོ་བོ་གནའ་སྔ་མོ་ནས་ཞིང་ཕྱུགས་གཉིས་ལ་བརྟེན་ནས་ལྟོ་རྒྱབ་ཐག་གཅོད་བྱས་པ་རེད།  ཞིང་ལས་ས་ཁུལ་དུ་སྔ་མོ་ནས་གྲོ། ནས། བྲ་བོ། སོ་བ། སྲན་མ། ལོག་ཀར་ལ་སོགས་པའི་འབྲུ་རིགས་འདེབས་པ་དང། ཕྱུགས་ལས་ས་ཁུལ་གྱི་སྒོ་ཕྱུགས་གཙོ་བོ་ནི་རྟ་དང་། ནོར། ལུག བ་གླང་། ར་མ་སོགས་ཡིན་པས། ཤ་ནི་བོད་པའི་ཁ་ཟས་གཙོ་བོ་ཞིག་ཡིན་ཕྱིར་མ་ཟས་ནའང་མི་ཆོག་པའི་ལུས་ཕུང་གསོ་བྱེད་གྱི་རྒྱུ་གལ་ཆེན་ཞིག་ཏུ་གྲུབ་ཡོད། ར་ལུག་སོགས་ཀྱི་ཤ་ཟ་བ་དང་དེ་དག་གི་པགས་པས་བོད་མིའི་གྱོན་པ་བཟོའོ།

༣ སློག་པའི་དབྱེ་བ

དུས་ཚིགས་གནམ་གཤིས་ཀྱི་འགྱུར་ལྡོག་དང་བོད་མིའི་ཕྱུགས་ཟོག་ལ་སྣ་མང་བའི་དབང་གིས་སློག་པ་ལ་དབྱེ་བ་རིགས་འདྲ་མིན་སྣ་ཚོགས་ཡོད། བཟོ་ཐབས་ཀྱི་སྒོ་ནས་དམར་མཉེས་དང་ཟབ་མ་གཉིས་ཡོད་ལ། ཟབ་མཐུག་གིས་སྒོ་ནས་དབྱེ་ན་དབྱར་སློག དགུན་སློག ཆར་སློག་བཅས་གསུམ་ཡོད། དེ་དག་གི་ཁྱད་ཆོས་ནི་དབྱར་སློག་ནི་པགས་པའི་སྤུ་སྲབ་ལ་གཉེན་པ། དབྱར་ཟླ་དྲུག་པ་དང་བདུན་པའི་ནང་གྱོན་ན་ཅུང་བསིལ། དགུན་སློག་ནི་པགས་པ་མཐུག་པོ་བཟོས་པའི་སློག་པ་ལ་ཟེར་ཞིང་དུས་རྒྱུན་ནམ་ཟླ་འཁྱགས་དུས་དང་དགུན་ཁར་གྱོན་པ་ཡིན།  ཕོ་མོའི་ཆ་ལུགས་ཀྱི་སྒོ་ནས་དབྱེ་ན་ཕོ་སློག་དང་། མོ་སློག བྱིས་སློག་བཅས་གསུམ་སྟེ། ཕོ་སློག་ནི་སྟོད་ཞེང་ཆེ་ལ་རུ་སྟོད་གོར་གོར་ཅན། སྨད་ལ་ཁྲུ་ཙེ་གང་དང་ཚོན་ལྔ་ཙམ་ལས་མེད། ཕུ་རུང་རྩ་བ་ཆེ་ལ་ཕུར་ཁ་དོག མོ་སློག་ནི་སྨད་ཅུང་རིང་བ་ལས་གཞན་བཟོ་དབྱིབས་གོང་ལྟར་ཡིན་པར་མཐའ་ལ་རས་དམར་ནག་ལྗང་གསུམ་དང་ཡང་ན་དམར་ནག་གཉིས་ཀྱིས་ཆོན་བྱས་ཡོད། བྱིས་སློག་ནི་བྱིས་པས་གྱོན་པའི་སློག་པ་ཆུང་ཆུང་ལ་ཟེར། ཕྱུགས་ཟོག་གི་པགས་པའི་ཆ་ནས་དབྱེ་ན་ར་སློག་དང་ལུག་སློག རྟོལ་སློག་བཅས་གསུམ་ཡོད། ར་སློག་ནི་ར་མའི་པགས་པ་ལས་བཟོས་པས་ན་ར་སློག་ཟེར། ཨ་མདོའི་ཡུལ་དུ་ར་སློག་ནི་སློག་པ་བཟང་ཤེས་ཤིག་ལ་བརྩི་བཞིན་མེད། ལུག་སློག་ནི་བོད་མིའི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས་སློག་པ་མང་ཤོས་ཤིག་ནི་ལུག་སློག་ཡིན། རྟོལ་སློག་ནི་རྟོལ་ལུའི་པགས་པའི་བཟོས་པའི་ལྭ་བ་ལ་ཟེར། འདིའི་རིགས་གྱོན་པ་ཧ་ཅང་ཉུང་ཞིང་། གོ་པགས་མཐུག་ལ་རྩུབ་པས་མཛེས་པའི་ཆ་ནི་ཧ་ཅང་ཞན། མཛེས་དཔྱོད་གྱི་ཆ་ནས་དབྱེ་ན་སློག་སྐྱ་དང་སློག་པ་ཁ་ཆོན་ཅན་གཉིས་ཡོད། སློག་སྐྱ་ནི་པགས་པས་སློག་པ་བཟོས་ཚར་རྗེས་མཐའ་ལ་རས་དམར་ནག་ལྗང་གསུམ་གྱིས་རྒྱན་ཅི་ཡང་མ་སྤྲོས་པར་རང་སོར་བཞག་ཡོད་པའི་རིགས་ལ་བྱ། ཁ་ཆོ་ཅན་ནི་སློག་པའི་མཐའ་དང་ཕུ་རུང་ཁར་རས་དམར་ནག་སོགས་ཀྱིས་འཇའ་ཚོན་གྱི་རྣམ་པ་བཞིན་མཐའ་རྒྱན་སྤྲོས་ཡོད་པ་ཞིག་ཡིན། སྐྱེས་པའི་སློག་པའི་མཐའ་རུ་ཞིང་ཁམས་ཆེ་ཆུང་ལ་ལིའི་རྨིད་ལྔ་ནས་བཅུ་བར་གྱི་རས་ནག་པའི་ཁ་ཆོན་འཇོག བུད་མེད་ཀྱི་སློག་པའི་ཕུ་རུང་ཁར་རས་མདོག་ལྗང་ནག་སོགས་ཀྱི་རིམ་པ་ལྔ་ནས་བདུན་བར་སྟར་ཡོད། བུད་མེད་ཀྱིས་དུས་རྒྱུན་ཁ་ཆོན་ཅན་གྱོན་པ་ནི་རྒྱུགས་ཆེ

བཞི་པ། སློག་པ་གྱོན་པའི་མི་རིགས་གཞན།

སྤྱིར་མིའི་རིགས་ཀྱི་གྱོན་གོས་སྣ་ཚོགས་པས་མི་རིགས་ཀྱི་དབྱེ་བ་དགར་ཐུབ་པ་མ་ཟད་མི་རིགས་དེའི་ཁྱད་ཆོས་ཀྱང་གསལ་བོར་མཚོན་ཐུབ། དེ་བས་གྱོན་གོས་རིགས་གནས་ནི་རིན་ཐང་ལྡན་པ་དང་མཚོན་ཐབས་ཀྱི་ནུས་པ་ཡོད་པའི་རིག་གནས་ཀྱི་མཚོན་རྟགས་ཤིག་ཡིན།  ལོ་རྒྱུས་ཀྱི་བདེན་དཔང་འཚོལ་མཁན་དང་མི་རིགས་ལ་ཞིབ་འཇུག་གནང་མཁན་པར་མེད་དུ་མི་རུང་བའི་རྒྱུ་ཆ་དོན་སྙིང་ལྡན་པ་ཞིག་ལ་བརྩི།   གོང་དུ་བཤད་པ་ལྟར། གནམ་གཤིས་དང་ས་བབ་མི་འདྲ་བའི་གནས་ཚུལ་འོག་གྱོན་གོས་ཀྱང་འདྲ་མིན་སྣ་ཚོགས་བྱུང་། དེ་བས་སློག་པ་ནི་བོད་མིས་གྱོན་པ་མ་ཟད། ད་དུང་གནམ་ཟླ་ཅུང་འཁྱགས་པ་དང་འཚོ་བ་རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས་ལ་བརྟེན་པའི་མི་རིགས་གཞན་དང་ས་ཆ་གཞན་དུའང་སློག་པ་དང་ཆ་འདྲ་བའི་ལྤགས་པའི་ལྭ་བཟོ་བ་ཡོད། རི་སྒང་རྩྭ་ཐང་དང་དུ་འཚོ་བ་རོལ་བའི་མི་རིགས།  དཔེར་ན།  ཧ་ས་ཁི་མི་རིགས་དང་སོག་པོ་ལྟ་བུ་སོགས་མང་།   ཧ་ས་ཁི་དང་སོག་པོ་མི་རིགས་ལྟ་བུ་མཚོན་ན་ཡང་རི་མཐོན་པོ་དང་རྩྭ་ཐང་དུ་འཚོ་བའི་ཁྱད་ཆོས་འཛོམས་པས།  ལུགས་ལྤགས་དང་ཝ་ལྤགས། ཤ་བའི་ལྤགས་པ། སྤྱང་ལྤགས་སོགས་ཀྱིས་གྱོན་གོས་བཟོ་བ་མཐོང་ཐུབ། 

ལྔ་པ།  སློག་པ་བཟོ་ཐབས་ཀྱི་སྐོར།

མི་རིགས་གང་ཞིག་ཡིན་རུང་རང་གི་རིག་གནས་མི་འདྲ་བའི་དབང་གིས་ལག་རྩལ་ཡང་མི་འདྲ་ཐ་དད་ཡིན། བོད་མི་རིགས་ལ་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བཟུང་ཁེལ་འཐག་ལས་རིགས་དར་ཞིང་སློག་པ་བཟོ་ཐབས་ནི་བོད་མི་རིགས་ཀྱི་རིག་གནས་དང་འབྲེལ་བའི་ཚན་རིག་ཁྱད་པར་ཅན་ཞིག་ཡིན་ལ་དེའི་བོད་མི་རིགས་ཀྱི་བློ་གྲོས་དང་ཤེས་རབ་ཅི་ལྟ་བུ་ཞིག་ཡིན་པ་རྟོགས་ཐུབ།

ཐོག་མར་པགས་པ་གཙང་མར་བཀྲི་དགོས་པ་དང་དེ་རྗེས་ཆུ་ནས་ཕྱུང་དེ་སྐམ་ཐག་ཆོད་དགོས། ཧ་ཅང་སྐམ་པར་མ་གྱུར་ན་ལྡེར་ལ་འཕེན་དུས་རུལ་ངེས་ཡིན། ལྡེར་ནི་པགས་པ་མཉེས་བྱེད་གྱི་ཆུ་ལ་ཟེར། ལྡེར་ཆུ་ལས་བཟོ་བྱེད་པར་གོ་རིམ་དང་རྒྱུ་ཆ་འགའ་དགོས། སྔོན་ཆད་ཚྭ་ཁུ་དཀོན་པས་ཚྭ་ས་བཙགས་ཏེ་ཚྭ་ཆུ་ནས་ཚྭ་ལེན་པ་དང་། གོ་རེ་ལས་བྱེད་ཀྱི་སྐྱུར། བུད་བཙགས། གྲོ་ཕྱེས་སོགས་མཉམ་དུ་བསྲེས་ནས་ལྡེར་ཆུ་བཟོ་བ་དང་། རྫ་མའི་བོངས་ཚད་དང་བསྟུན་ནས་པགས་པ་འོས་འཚམ་རེ་བཞག་སྟེ་རྫ་མའི་ཁ་དམ་པོ་རྒྱག་དགོས། དེ་ནས་ཉིན་མ་རེ་རེ་བཞིན་ཐེངས་རེ་དཀྲུག་པའི་ལས་མཚམས་འཇོག་མི་ཉན། དབྱར་ཁའི་དུས་སུ་ཉིན་བདུན་ཙམ་གྱིས་ཆོག་པ་དང་དགུན་གྱི་དུས་སུ་ཉིན་ཉི་ཤུ་ལྷག་ཙམ་ལ་འགོར་ན་ད་གཟོད་ལྡེར་ལས་ལེན་ནོ། ལྡེར་ནས་བླངས་ཏེ་ཅུང་སྐམ་པར་བྱེད་པ་དང་འོན་ཀྱང་སྐམ་ཐག་ཆོད་མི་རུང་། པགས་པ་ཅུང་ཙམ་རློ་དུས་མཉེས་པར་འོས་ཤིང་མཚམས་ལ་པགས་པ་མཉེས་སྐབས་སུ་པགས་ཤད་ཀྱིསམཉེ་འོང་ པགས་ཤད་ཅེས་པ་ནི་ཤིང་ལས་བཟོས་པའི་ཡོ་བྱད་ཅིག་ཡིན། དེས་ཞོར་ལ་ལྕགས་དང་རྡོ་ལེབ་མོ་ཁ་ཡོད་པ་སོགས་དགོས། པགས་པའི་དཀྱིལ་དང་གཞུང་དག་ནི་པགས་ཤད་ཀྱིས་མཉེས་པ་དང་མཐའ་སུག་སྣེ་མོ་རྣམས་ནི་རྡོ་ལེབ་མོ་ཁ་ཅན་གྱིས་བཀྲདདེ་སྐྱེད་ཆེན་པོ་གཏོང་དགོས། ཉིན་མ་བཅུ་ལྷག་ལ་ཡང་བསྐོར་དང་བསྐྱར་བསྐོར་གྱིས་ཉིན་རེ་ཐེངས་རེར་མཉེས་དགོས་པ་མ་ཟདཉིན་རེ་ལན་རེར་མཉེས་རྗེས་པགས་པ་ཁ་ནང་ལ་ལྟེབ་ནས་ལེགས་པོ་བཏུམ་དགོས། དེ་ལྟར་དོ་དམ་བཟང་པོ་མ་བྱས་ཚེ་པགས་པ་སྐམ་ངེས་ཡིན་པས་ཉིན་རྗེས་མར་མཉེས་དུས་སུ་དཀའ་ཁག་འབྱུང་སྲིད། མི་སྤྱིར་བཏང་ཞིག་གི་སློག་པ་ལ་ར་ལུག་གང་རུང་གི་པགས་པ་བདུན་ནས་བརྒྱད་བར་དགོས། སློག་པ་མ་བཟོས་པའི་སྔོན་ཐོག་མར་མཉེས་པའི་པགས་པ་རེ་རེ་གྲུ་བཞི་འདྲ་གཅོད་བྱེད་པའི་མོད་ལཔགས་སྤུ་ཤུད་པའང་མི་འཛོམས་པའི་མཚམས་ལ་སྐེ་པགས་དང་སུག་པགས་དྲས་ཏེ་ཁ་གསབ་རྒྱག་པ་དངརིང་ཐུང་སྲབ་མཐུག་སོགས་དོ་བསྙམ་ན་ཧ་ཅང་ཡག་པོ་འདུག དེའི་འཕྲོ་མཉེས་པའི་པགས་པ་ལེབ་མོ་ཚང་མ་མཉམ་གཅིག་དུ་བཙེམ་བཟོ་བྱས་ཏེ་ལྷེབ་མོ་ཆེན་པོ་གཅིག་བཟོ་དགོས། མཇུག་མཐར་ད་ལྟའི་གོན་པ་གཅོད་གཏུབ་དང་འདྲ་བར་ཕོ་མོ་བྱིས་པ་གང་གི་སློག་པའི་ཁྱད་པར་ལྟར་ཆེ་ཆུང་འདམ་གབྱས་ཏེ་རང་གི་འདོད་པ་བཞིན་བཟོ་ཆོག སྤྱིར་སློག་པ་ཅི་ལྟ་བུ་ཞིག་བཟོ་སྐབས་རིགས་ཆེན་པོ་གཉིས་ཏེ། ཟབ་མ་དང་དམར་མཉེས་གཉིས་ཡོད། ཟབ་མ་ནི་གོང་གི་བཤད་པ་དེ་ཡིན་ལ་དམར་མཉེས་ནི་ཕྱུགས་རིགས་གང་གི་པགས་པ་ཆུས་བཀྲུས་རྗེས་སྔོན་མའི་མཉེས་ལུགས་དང་མི་འདྲ་བར་ལྡེར་ལ་མི་ཕན་པར་ཇ་ཁུ་ཞུགས་ནས་མཉེས་པ་ཡིན་སྟབས་མཉེས་པར་ཧ་ཅང་དཀའ། སློག་པ་འདིའི་རིགས་ནི་བཟོ་བའི་དུས་སུའང་ཚེམ་བཟོ་བྱེད་དཀའ་བས་རིན་གོང་ཡང་ཧ་ཅང་ཆེ། རྒྱུ་སྤུས་ཀྱང་ཤིན་ཏུ་ལེགས་པས་མི་རབས་དུ་མར་གྱོན་ཡང་སླད་སྐྱོན་འབྱུང་དཀའ། དམར་མཉེས་སློག་པ་བཟང་ཤོས་ཤིག་ལ་རིན་གོང་སྒོར་ཁྲི་གཅིག་ལྷག་དང་ཟབ་མ་ལེགས་ཤོས་ཤིག་ལ་རིན་གོང་སྒོར་སྟོང་གསུམ་ནས་བཞི་ལྷག་དགོས་སོ

 

དྲུག་པ། སློག་པའི་ཁྱད་ཆོས།

རང་རེའི་བོད་ལ་ལོ་ངོ་སྟོང་ཕྲག་དུ་མའི་རིང་གི་ལོ་རྒྱུས་ལྡན་ལ། སྔོན་ཆད་ནས་བཟུང་ལས་ལ་བརྩོན་ཞིང་ཤེས་རིག་བཀྲ་བ། ཆོས་ལ་དད་ཅིང་བྱམས་སྙིང་རྗེ་ཆེ་བ། དཀའ་སྡུག་ཐེག་ལ་གཤིས་རྒྱུད་བཟང་པ་མ་ཟད། སྤོབས་པ་དང་ལ་རྒྱ་གཉིས་འཛོམས་ཀྱི་མི་རིགས་ཤིག་ཡིན། བོད་པ་ཚོ་རི་སྒང་མཐོན་པོའི་སྟེང་དུ་བུ་ཡུག་དང་གྲང་ངར་ཅི་འདྲ་ཆེ་ནའང་གནས་དགོས། དཀའ་སྔལ་དང་འཇིགས་ཉེན་གང་འདྲ་བྱུང་ཡང་འཚོ་དགོས། མཐོ་སྒང་འདིའི་ནོར་ནག་དང་ར་ལུག་གི་རྗེས་སུ་འདེད་པ་ནི་ཁོ་བོ་ཚོའི་ཉིན་རྒྱུན་གྱི་འཚོ་བའི་ལས་ཀ་ཡིན་ལ། འཚོ་བའི་རྟེན་སའང་ཡིན་པས་སློག་པ་ནི་ས་སྒང་མཐོན་པོ་འདིའི་སྟེང་གི་མི་སུས་གྱོན་ཡང་ལུས་ལ་འཚམ་པར་མ་ཟད་གྲང་ངར་འགོག་ཐུབ།

སྤྱིར་བཏང་གྲང་ངར་ནི་མདུན་ཕྱོགས་ནས་མིའི་ལུས་སྟེང་ལ་རྒྱུད་ཡོང་བས་སྔུན་ཕྱོགས་ཀྱི་ཐུ་བ་ཉིས་བརྩེགས་དང་རྒྱབ་ཕྱོགས་ཁེར་བརྩེགས་བྱེད་དོ། ཁ་ཆར་དང་རླུང་ནག་འཚུབ་མ་གཡུགས་ཀྱང་ཕྱིར་རོལ་དུ་ལས་ཀ་བྱེད་དུ་སློག་པའི་ཕུ་རུང་མར་ཕབ་ན་ལག་འབོབ་གྱི་གོ་ཡང་ཆོད་པའི་ཁྱད་ཆོས།

ཕྱུགས་རྫི་ཕྱིར་རོལ་དུ་ལས་ཀར་འགྲོ་དུས་སྣོད་ཅ་ལག་དང་ཟས་གྲོ་ཁ་སོགས་ཁྱེར་ནས་འགྲོ་པ་ནི་རང་རེ་བོད་པའི་གོམས་སྲོལ་ཡིན། སྔོན་དུས་ནི་ད་ལྟ་དང་མི་འདྲ་བར་སྟབས་བདེའི་འགྱིག་ཁུག་དང་རྒྱབ་ཁུག་སོགས་མེད་པས་སློག་པའི་རུམ་ལ་སྒྱགས་ཕྱེ་སོགས་ཁྱེར་ན་ཁུག་མའི་གོ་ཡང་ཆོད་པའི་ཁྱད་ཆོས།

ཨ་མའི་བྱིས་པ་གཉོར་རྒྱུ་ནི་ལས་ཀ་ཆེན་པོ་ཞིག་ཡིན་ལ། ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་བྱིས་པ་ལག་ལ་བཟུང་བཟུང་དང་མིག་གི་ཚེས་ཚེས་སུ་འདུག་དགོས་པས། གལ་ཏེ་ཐང་ལ་བཞག་ན་བསམ་མེད་ཀྱི་བྱིས་པ་མེ་དང་ཆུ་ནང་སོགས་སུ་ལྷུང་ཉེན་ཆེ་བས་སློག་པའི་རྒྱབ་ལ་བཅུག་ན་བྱིས་གཉོར་གྱི་གོའང་ཆོད།   

འབྲོག་པའི་རྩྭ་ཐང་དང་བོད་ཁུལ་གྱི་ས་ཆ་མང་ཤོས་ཤིག་ནི་ཡུལ་མཐའ་འཁོལ་འཁོབ་ཡིན་པས། འཚོ་བ་དང་འདུག་སའི་ཁོར་ཡུག་ཕྱོགས་གང་ཅིའི་ཐད་རྗེས་ལུས་ཡིན། ས་གནས་འཛུགས་སྐྲིན་གྱི་ཆ་རྐྱེན་ཡང་ཞན་པོ་འདུག   ལྷག་པར་འབྲོག་ཁུལ་ལ་མཚོན་ན་དུས་བཞིའི་འགྱུར་བ་དང་བསྟུན་ཏེ་རུ་སྤོ་དགོས་པས། གཏན་སྡོད་གྱི་ཆ་རྐྱེན་ལེགས་པའི་ཁང་གསར་ཞིག་སྐྲུན་པའི་དགོས་ངེས་མེད། དེས་དབང་གིས་རྩྭ་ཐང་དང་ཡུལ་མཐའ་འཁོབ་དུ་གཏན་ཁེལ་གྱི་གཙང་སྤྱོད་ཁང་ཡང་མེད་པ་རྒྱུ་མཚན་དེ་ལ་རག་ལས།   དེ་བས་རོང་འབྲོག་མང་ཚོགས་མང་པོ་ཞིག་གིས་སློག་པ་གཡང་ལུགས་བྱས་ཏེ་བཤང་གཅི་བཏང་ན་སྤྱོད་ཁང་གི་ཕན་ནུས་སྒྲུབ་ཐུབ་པར་གྲགས།

སྤྱིར་དེ་ལྟར་ཡིན་མོད།   འབྲོག་པ་མང་ཚོགས་ནི་གཏན་སྡོད་གྱི་གནས་ཤིག་མེད་པར་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་དང་འགྲོགས་ནས་ཁྱིམ་གཞི་བསྐྱངས་ཏེ་ནོར་ལུག་འཚོ་སྐྱོང་གི་འཚོ་བ་རོལ་པས་རང་གི་དུས་རྒྱུན་གྱོན་པའི་སློག་པའི་ཐུ་བ་གཅིག་འོག་ལ་བཏང་ན་གདན་དང་ཐུ་བ་གཞན་ཞིག་ཐོག་ལ་བཀབ་ན་ཉལ་ཐུལ་གྱི་གོ་ཆོད་པར་མ་ཟད་ད་དུང་ཕུ་རུང་གཉིས་ཀྱིས་སྔས་མགོ་ཡི་གོ་ཆོད་དོ།

བདུན་པ།  མཇུག་སྡུད་པ

   གྱོན་ཆས་ནི་མི་རིགས་ཤིག་གི་དངོས་པོའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིནདེ་ནི་མི་གཅིག་གིས་གསར་དུ་གཏོད་པའང་མིན་ལ་གློ་བུར་དུ་གྲུབ་པ་དེ་བས་ཀྱང་མིན། དེ་ནི་ལོ་རྒྱུས་ཀྱི་འཕེལའགྱུར་ཁྲོད་བྱུང་པའི་ཐོན་དངོས་ཤིག་ཡིན་པས་ལོ་རྒྱུས་དང་རིག་གནས་ཀྱི་དོན་སྙིང་གལ་ཆེན་ལྡན། དེ་བས་གྱོན་གོས་གཅིག་གི་སྟེང་ན་ཁྱད་ཆོས་དང་བྱེད་ནུས་མི་འདྲ་བ་བཅུ་ལྷག་ཡོད་པ་ནི་སློག་པ་གཅིག་པོའི་སྟེང་ན་མ་གཏོགས་འཛམ་གླིང་གི་མི་རིགས་གང་ཞིག་གི་གྱོན་གོས་ལ་ཡོད་དམ། འདི་ནི་རང་རེའི་མི་རིགས་ཀྱི་གཟི་བརྗིད་ཡིན་ལ་ལོ་རྒྱུས་ཀྱིས་གསང་བ་འབྱེད་པའི་ལྡེ་མིག་ཀྱང་ཡིན་ནོ

 

ཟུར་ལྟའི་ཡིག་ཆ།

       དཔའ་རིས་སངས་རྒྱས། བརྡ་སྤྲོད་གསལ་བྱེད་ངག་སྒྲོན།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། p12

②⑤ དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན།[M]མི་རིགས་དཔེ་སྐྲུན་ཁང་། 1986 p 155

李玉琴  藏族服饰文化研究 [M]  人民出版社2010 p72

丹珠昂奔 藏族文化发展史[M]  甘肃教育出版社 2001  p 111

དོན་གྲུབ་དབང་རྒྱལ་དང་ནོར་བྷེ །  མགོ་ལོག་ལོ་རྒྱུས་དེབ་ཐེར།[M]  1992  p79

 

 

དཔྱད་རྩོམ་འདི་ནི་༢༠༡༢ལོའི་མཚོ་སྔོན་མང་ཚོགས་སྒྱུ་རྩལ་སྟེང་བཀོད་ཡོད་པས་བརྒྱུད་འགོད་བྱེད་མི་ཆོག

 

 

                      

 

 

 

 

 

 

 

 

     

 

编辑:叶旦才让
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
教育部 中国现代教育网 不良信息 垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。黄南藏族自治州泽库县教育局 特此声明。